Thursday 30 October 2014

བོད་ཀྱི་རྒྱན་ཆའི་རིག་གནས་འདོར་མི་རུང་།


མི་ལོ་སྟོང་ཕྲག་མང་པོའི་རིང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྒྱུ་རྩལ། འཚོ་བ་སྐྱེལ་སྟངས་དང་ཆོས་ལུགས་དད་མོས། རང་བྱུང་ཁོར་ཡུག་སོགས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་འགྱུར་ལྡོག་ཁྲོད། མི་རིགས་རེ་ལ་རང་གི་ཐུན་མོང་མ་ཡིན་པའི་འགྲོ་འདུག་སྤྱོད་གསུམ་དང་། ཟས་གོས་གནས་མལ། གླུ་ལེན་གར་རྩེན་སོགས་ཀྱི་ཁྱད་ཆོས་གཞན་དང་མི་འདྲ་བ་རེ་གྲུབ་ཡོད་པ་ལྟར། བོད་མི་རིགས་ལའང་དེ་བཞིན་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད།
འདིར་སྐབས་སུ་བབས་པ་བོད་ཀྱི་རྒྱན་ཆའི་སྐོར་རགས་ཙམ་བརྗོད་ན། བོད་ཀྱི་རྒྱན་ཆས་ལ་རྡོ་རིགས་ལས་བཟོས་པའི་གཙོ་བོ་གཟི་བྱུར་གཡུ་གསུམ་གྱི་རིགས་དང་། གསེར་དངུལ་སོགས་ལྕགས་རིགས་ཀྱི་བཟོས་པའི་རྒྱན་ཆའི་རིགས་མི་འདྲ་བ་མང་པོ་ཡོད་པ་དག་ལས་མགོ་རྒྱན་དང་། སྐྲ་རྒྱན། རྣ་རྒྱན། སྐེ་རྒྱན། ལག་རྒྱན། སྐེད་རྒྱན་བཅས་ཡོད། མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཡོངས་སུ་ལོ་སར་དང་གཉེན་སྟོན། ཁང་སྟོན་སོགས་དགའ་སྟོན་རྟེན་འབྲེལ་གྱི་དུས་ཆེན་ཁག་ཚང་མར་སྐྱེས་ཕོ་མོ་དབྱེ་མེད་ཀྱི་ལུས་ལ་རྒྱན་ཆ་རིགས་སྣ་ཚོགས་འདོགས་ཏེ་ངོམ་ཤོམ་བྱེད་སྲོལ་ཡོད་ལ། འདི་ནི་མི་རིགས་ཀྱི་མཛེས་ཆོས་རིག་གནས་ཤིག་ཏུ་གྲུབ་ཟིན་པས་ཀུན་གྱི་སེམས་ལ་དགའ་དད་སྤྲོ་གསུམ་གྱི་ཚོར་སྣང་སྟེར་ཐུབ།
ཉེ་བའི་ལོ་ཤས་སྔོན་ནས་བཟུང་བོད་ཀྱི་དུན་སྟོན་ཁག་ཏུ་བོད་རིགས་རྣམས་ཀྱི་ལུས་ལ་ཟབ་སྤྲོས་བྱས་པའི་མགོ་རྒྱན་དང་སྐེ་རྒྱན། ལག་རྒྱན་སོགས་ཀྱི་པར་རིགས་སྣ་ཚོགས་གང་སར་བཀྲམས་ཏེ་སྐྱོན་བརྗོད་བྱེད་བཞིན་མཆིས་ལ། རྒྱན་ཆ་འདིའི་རིགས་ནི་དགོས་མེད་ཀྱི་ཟབ་འཆོར་གྲས་སུ་བརྩིས་ཏེ་གང་ཐུབ་ཅི་ནུས་ཀྱིས་འདོར་དགོས་པར་འདོད་པ་མ་ཟད། སྲོལ་རྒྱུན་རིག་གནས་ཀྱི་རྒྱན་ཆའི་རིགས་འདོགས་པའི་བོད་པ་དག་ནི་ཅི་ཡང་མི་ཤེས་པའི་གླེན་ལྐུགས་ཀྱི་མི་ཤ་སྟག་ཡིན་སྐོར་ཡང་བརྗོད། སྤྱིར་རིན་ཆེན་གསེར་དངུལ་གཡུ་བྱུ་དང་སྤོས་ཤེལ་སོགས་ནི་བོད་ཙམ་མ་ཟད་རྒྱལ་ཁབ་དང་ས་ཁུལ་མང་པོའི་ནང་དུ་རྩ་ཆེའི་དངོས་རྫས་རིགས་ཡིན་པ་དང་། དཔེར་ན། སྤོས་ཤེལ་དང་གཡུ་བྱུར་གྱི་རིགས་ནི་སའི་གོ་ལ་འདིའི་སྟེང་སླར་མི་འབྱུང་བའི་གནའ་བོའི་རྩ་ཆེའི་རིག་དངོས་ཀྱི་གྲས་ཡིན་པས། དེང་སང་རྒྱ་ནག་དང་ཕྱི་གླིང་སོགས་སུ་ཕྱུག་བདག་དག་གིས་རིན་གོང་མཐོ་པོ་སྤྲད་དེ་ཁྱིམ་དུ་གསོག་ཉར་བྱེད་བཞིན་ཡོད། བོད་ལ་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་དར་ཞིང་མི་རབས་གོང་མ་རྣམས་ཀྱིས་ཤ་ཁྲག་གི་འགྲོ་གྲོན་བཏང་སྟེ་བུ་རབས་ཚ་རྒྱུད་རྣམས་ལ་བཞག་པའི་རྒྱན་ཆ་འདིའི་རིགས་ནི། མི་གཙང་བའི་གད་སྙིགས་ཤིག་དང་འདྲ་བར་དངོས་ཤུགས་བརྒྱུད་གསུམ་ནས་རིང་དུ་འདོར་དགོས་པའི་སྐུལ་སློང་བྱེད་པ་དང་། སྲོལ་རྒྱུན་གྱི་རྒྱན་ཆའི་རིག་གནས་རྩིས་མེད་དུ་བཏང་སྟེ་རྒྱན་འདོགས་མཁན་གྱི་བོད་མི་རྣམས་ལ་སྐྱོན་བརྗོད་དང་དམའ་འབེབས་རིགས་བྱེད་པ་ནི་རང་མགོ་རྟ་རེས་བརྡུང་པ་ཞིག་རེད།
བོད་ཀྱི་སྲོལ་རྒྱུན་རྒྱན་ཆའི་རིག་གནས་ནི་བོད་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་སེམས་ཁམས་དང་བསྟུན་ནས་དར་བ་ཞིང་ཡར་རྒྱས་སུ་འགྲོ་བཞིན་པ་ཞིག་ཡིན་པས། འདི་ལ་མི་རིགས་དང་རྒྱལ་ཁབ་གཞན་གྱི་འཇིག་རྟེན་མི་ཆོས་ཀྱི་ལྟ་བ་དང་དམ་པའི་ལྷ་ཆོས་ཀྱི་ལྟ་གྲུབ་ཐོག་ནས་རིན་ཐང་ནམ་ཡང་གཞལ་མི་རུང་། མཛེས་ཆོས་ཀྱི་རིན་ཐང་ནི་རྒྱན་ཆ་རང་ངོས་ནས་གྲུབ་པ་མ་ཡིན་པར་མཛེས་ཆོས་སུ་ལྟ་བའི་སྤྱི་ཚོགས་དང་སྒེར་གྱི་སེམས་ཁམས་ལ་གྲུབ་པ་ཞིག་ཡིན་སྟབས། ལས་སླ་མོའི་ངང་འགྱུར་ལྡོག་གཏོང་ཐུབ་པ་ཞིག་དང་གཞན་ཞིག་གིས་ཚབ་བྱེད་ཐུབ་པ་ཞིག་མིན། ཡང་གཅིག་བཤད་ན། བོད་ཀྱི་རྩ་ཆེའི་རིག་དངོས་ཀྱི་རྒྱན་ཆ་འདི་དག་འདོགས་སྲོལ་མྱུར་དུ་མཚམས་འཇོག་བྱས་ཏེ། བེད་མེད་ཀྱི་རྡོ་དང་ལྕགས་ཀྱི་རང་བཞིན་ཏུ་བསྒྱུར་ཐུབ་པ་ཡིན་ནའང་། དུས་དེ་ནས་བཟུང་བོད་རང་གི་ལག་ཏུ་ཡོད་པའི་རྩ་ཆེའི་ཤུལ་བཞག་རིག་དངོས་འདི་དག་ཡང་མི་རིགས་གཞན་གྱི་འབྱོར་པས་བསླུས་པའི་ཅ་ལག་ཅིག་ཏུ་འགྱུར་ངེས་ལ། བོད་རང་ཉིད་ལ་སྲོལ་རྒྱུན་གྱི་རྒྱན་ཆ་དང་རྩ་ཆེའི་དངོས་རྫས་གཉིས་ཀ་གང་ཡང་མེད་པའི་ལག་སྟོང་དུ་ལུས་ཏེ། རི་བོང་དང་སྡོམ་པ་གཉིས་ཀ་མི་ཤོར་བ་ག་ལ་སྲིད།
ཕྱི་ལོ་2014/07/28 ཉིན།